སྙིང་དོན། དབྱར་དགུན་སྟོན་དཔྱིད་བཅས་དུས་ཚིགས་བཞི་རུ་འབྲོག་པའི་འཚོ་བ་སྐྱེལ་སྟངས་ལ་གོ་རིམ་མ་འདྲ་བ་གང་དག་ཡོད་པ་དང་། རིག་གནས་དང་ལོ་རྒྱུ...
སྙིང་དོན། དབྱར་དགུན་སྟོན་དཔྱིད་བཅས་དུས་ཚིགས་བཞི་རུ་འབྲོག་པའི་འཚོ་བ་སྐྱེལ་སྟངས་ལ་གོ་རིམ་མ་འདྲ་བ་གང་དག་ཡོད་པ་དང་། རིག་གནས་དང་ལོ་རྒྱུས་ཀྱི་ངོས་ནས་གོ་བབ་གང་ཞིག་བཟུང་ཡོད། གཞན་ཡང་འབྲོག་པའི་འཚོ་བ་སྐྱེལ་སྟངས་ཀྱི་ཐུན་མིན་ཁྱད་ཆོས་དང་ངོམ་དུ་རུང་བའི་ལེགས་ཆ་གང་ཡོད་སོགས་ཀྱི་སྐོར་ནས་ཅུང་ཙམ་དཔྱད་པ་བྱས་པའི་ཁུལ་ཡིན།
གནད་ཚིག འབྲོག་པ། འཚོ་བ། ལོ་རྒྱུས། རིག་གནས། འབྲེལ་བ།
སྔོན་གླེང་།
ད་ལན་གུས་པས་ << འབྲོག་པའི་དུས་ཚིགས་བཞིའི་འཚོ་བ་སྐྱེལ་སྟངས་རགས་ཙམ་གླེང་བ། >> ཞེས་པའི་བརྗོད་གཞིའི་ཐོག་ཆེད་རྩོམ་ཞིག་སྐབས་དྲུག་པའི་ན་གཞོན་བོད་རིག་པ་བ་རྣམས་ཀྱི་སྙན་ལམ་དུ་ཞུ་འདོད་བྱུང་ལ། དེའི་དགོས་དམིགས་ནི་ལོ་ངོ་དུ་མའི་གོང་ནས་བཟུང་འབྲོག་པ་གྲོང་ཁྱེར་ཅན་དུ་བསྒྱུར་བ་དང་འགྱུར་བ་བཅས་ཀྱི་གནས་ཚུལ་རིམ་པར་བྱུང་བ་མ་ཟད། ད་ཆ་ས་མཐོའི་འབྲོག་པ་ཟེར་བ་ནི་མིང་གི་ལྷག་མར་འགྱུར་ལ་ཉེ་བ་དང་གུས་རང་འབྲོག་པའི་འཚོ་བ་ལས་ནར་སོན་ཞིང་དེའི་ཐད་རྒྱུས་མངའ་ཅུང་ཟད་ཡོད་སྟབས། རང་གི་ཕ་ཡི་ཁ་ཕོར་གཙང་མ་ཡིན་ཞེས་པའི་དཔེ་ལྟར་མིན་པར་བོད་རང་གི་ལྷད་མེད་པའི་རིག་གནས་ཀྱི་ཆ་ཤས་མང་དག་ཅིག་འབྲོག་པའི་སྲོལ་རྒྱུན་འཚོ་བར་འདྲེས་ཡོད་ལ། དེ་དག་རེ་རེ་བཞིན་ཆ་སོ་སོར་དགར་ཏེ་འཐུས་ཚང་ཆད་མེད་ཅིག་བཤད་དཀའ་ན་ཡང་། དུས་ཚིགས་བཞི་དང་སྦྱར་ཏེ་འབྲོག་པའི་འཚོ་བ་རོལ་སྟངས་དང་དེ་འབྲེལ་གྱི་རིག་གནས་སྣང་ཚུལ་བཅས་ལྷན་ཐབས་ཀྱི་ཚུལ་དུ་ཅུང་ཟད་བཤད་ན། དེ་སྔ་གསལ་ཆ་མེད་མཁན་ཚོར་གསལ་བོ་ཆགས་པ་དང་རྒྱུས་མངའ་ཅུང་ཙམ་ཡོད་པ་ཚོར་ཇེ་གསལ་ཡོང་ཆེད་དུ་དམིགས་པ་ཞིག་ཡིན།
དེ་ཡང་གནའ་མྱི་རྒན་རབས་བསམ་ཤེས་ཚོའི་ངག་ཚིག་དང་དཔྱོད་ལྡན་མཁས་པ་ཚོས་མཛད་པའི་དེ་འབྲེལ་གྱི་བརྩམས་ཆོས་བཅས་གཞི་རྩར་བཟུང་བའི་ཐོག རང་ཉིད་འབྲོག་ཕྲུག་ཅིག་ཏུ་སྐྱེས་ཤིང་འཚོ་བ་དེ་དངོས་སུ་བརྒྱུད་པའི་ཉམས་མྱོང་ཟུང་འབྲེལ་བྱས་ཏེ་ཅུང་ཟད་ཅིག་བཤད་པའི་ཐབས་སུ་འབད་མོད། སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱང་སྟོབས་ཀྱི་ཡོན་ཚད་དམན་པས་མ་ནོར་མ་ལྷག་པ་ཞིག་དཀའ་ཡང་རང་ནུས་ཀྱི་ལྕོགས་ཚོད་ཅིག་འབྲི་བའི་ཐབས་སུ་འབད་ཡོད།

མཆན།