མཚན་ཞབས་བློ་བཟང་ངག་དབང་རྡོ་རྗེ་ཡིབ་དཔལ་བཟང་པོ་ནི་བྱང་ཕྱོགས་སྦོ་རད་ཁ་ར་ཞི་སྤེར་ཞེས་པའི་ཡུལ་ལྗོངས་སུ་ཡབ་རྡོ་རྗེ་འམ་ཡེ་ཤེས་ཞེས་པ་དང་ཡུམ་སྒྲ...
མཚན་ཞབས་བློ་བཟང་ངག་དབང་རྡོ་རྗེ་ཡིབ་དཔལ་བཟང་པོ་ནི་བྱང་ཕྱོགས་སྦོ་རད་ཁ་ར་ཞི་སྤེར་ཞེས་པའི་ཡུལ་ལྗོངས་སུ་ཡབ་རྡོ་རྗེ་འམ་ཡེ་ཤེས་ཞེས་པ་དང་ཡུམ་སྒྲོལ་དཀར་བྱ་བ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་ཤིང་སྟག་སྤྱི་ལོ1854ལོར་སྐུ་འཁྲུངས། གཞོན་དུས་ནས་དགེ་སེམས་རྒྱས་ཤིང་དགུང་ལོ་བཅུ་དགུའི་ཐོག་བོད་ལྗོངས་སུ་ཕེབས། དེ་སྐབས་ཕྱི་གླིང་བ་བོད་ལྗོངས་སུ་ཡོང་མི་ཆོག་པའི་བཀག་ཆ་ནན་ཏན་མཛད་པར་བརྟེན་སྡོད་མ་བདེ་བར་ཕྱིར་རང་ཡུལ་དུ་ལོག་དགོས་བྱུང་། རྡོ་རྗེ་འཆང་དཔལ་ལྡན་ཆོས་འཕེལ་བའི་དྲུང་ནས་ཚངས་སྤྱོད་དགེ་བསྙེན་དང་དགེ་སློང་གི་སྡོམ་པ་རིམ་པས་མནོས། ལོ་ཁ་ཤས་རྗེས་ཛ་སག་རིན་པོ་ཆེར་ཞབས་ཞུ་དང་ལྷན་དགུང་ལོ་ཉེར་དྲུག་སྟེང་བོད་ལྗོངས་སུ་ཐེངས་གཉིས་པ་འབྱོར་ནས་འབྲས་སྤུངས་བཀྲ་ཤིས་སྒོ་མང་གི་ཆོས་སྒོར་ཞུགས། སྒོ་མང་གྲྭ་ཚང་ལ་མང་འགྱེད་གཏོང་སྒོ་ཕུལ་ཕྱིན་ཐོག་ཆོས་མཛད་ཀྱི་མིང་འདོགས་ཞུས་ནས་སློབ་གཉེར་ལ་ཤུགས་དྲག་འབད་པའི་གྲུབ་འབྲས་སུ་སྨོན་ལམ་ཆེན་མོའི་ལྷ་རམས་འཕར་མའི་མིང་བཏགས་བྱུང་། གོང་ས་བཅུ་གསུམ་པས་མཚན་ཉིད་ལ་ཐུགས་བརྩོན་མཛད་སྐབས་ལོ་བཅུའི་རིང་ལ་མཚན་ཞབས་ཞུས་ཤིང་ཞར་ལ་ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེ་ལས་བཀའ་ཆོས་མང་དུ་གསན། དགུང་ལོ་ཞེ་ལྔའི་ཐོག་རྒྱ་གར་བརྒྱུད་མཚོ་ཐོག་ནས་རྒྱ་ནག་པེ་ཅིན་དང་རིམ་པས་ཁུ་རལ་ཕྱོགས་སུ་འབྱོར། བགྱི་སྒོ་རྣམས་གྲུབ་རྗེས་སླར་བོད་དུ་ཕེབས་པ་སོགས་མདོར་ན་ལྷ་ལྡན་དུ་ཐེངས་དྲུག་ཙམ་ལ་བྱོན་བཞུད་མཛད་ནས་གོང་ས་བཅུ་གསུམ་པ་ཆེན་པོར་ཆོས་སྲིད་གཉིས་ཐད་ནས་ཞབས་ཞུ་ཚུལ་བཞིན་བསྒྲུབས། སོག་ཡུལ་རང་དུ་རབ་བྱུང་དང་བསྙེན་རྫོགས་བགྲང་གིས་མི་ལང་བ་བསྒྲུབས་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེན་པོ་བསྒྲུབས་ཡོད་པ་མ་ཟད། ཆོས་ལུགས་ཚུལ་ལུགས་མི་གཅིག་པ་ཕྱི་གླིང་བའི་ཡུལ་ཨུ་རུ་སུའི་རྒྱལ་ས་རྙིང་བ་ལེ་ཉིན་གར་དུ་ནང་བསྟན་ལྷ་ཁང་བཞེངས་ནས་བསྟན་པ་རིན་པོ་ཆེ་ལ་སྲི་ཞུ་ཕུན་སུམ་ཚོགས་པ་བསྒྲུབས། དབྱིན་ཇིས་འཛིན་རྒྱུའི་ཐབས་ཤེས་སྣ་ཚོགས་བྱས་ཀྱང་ལག་ཏུ་མ་ཚུད་ཀྱང་། རྗེས་སུ་ཁུལ་དེར་དམར་ལུགས་ཆེས་ཆེར་དར་སྐབས་ཨུ་རུ་སུ་དམར་པོའི་བཙོན་ཁང་དུ་ཚུད་ནས་སྐུ་ངལ་ཆེན་པོ་བྱུང་བ་དང་། མཐར་སྤྱི་ལོ1938ལོར་དགོངས་པ་གཞན་དོན་དུ་གཤེགས་སོ། །
ཁོང་གི་བརྩམས་ཆོས་ནི《བློ་སྦྱོང་མདོར་བསྡུས》《ཛ་ཡ་བསྟན་དར་བའི་རྣམ་ཐར》 《རྒྱལ་དབང་བཅུ་གསུམ་པའི་མྱུར་འབྱོན་གསོལ་འདེབས》《རང་ཉིད་ཀྱི་བྱུང་བ་ཚིགས་བཅད་མ》བཅས་སོ། །

མཆན།